རྒྱ་ནག་གཞུང་གིས་བོད་ནང་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་དང་བརྒྱུད་ལམ་ཞིབ་བཤེར་འོག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད་པའི་དམིགས་བསལ་སྙན་ཐོ་བཏོན།

དེ་རིང་ཕྱི་ཚེས་ ༣༠ ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་ནང་རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་དང་བརྒྱུད་ལམ་ཞིབ་བཤེར་འོག བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་ཡོད་པའི་དམིགས་བསལ་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཐོའི་ནང་རྒྱ་གཞུང་གིས་མང་ཚོགས་ཡོངས་སུ་རྫོགས་པར་དོགས་ཟོན་མྱུལ་ཞིབ་ཁྱབ་ཆེར་བཏང་བའི་དབང་གིས། བོད་ཕྱི་ནང་གི་བོད་མི་ཚོས་ཕན་ཚུན་ལ་དོགས་ཟོན་བྱེད་དགོས་ཆགས་པར་མ་ཟད། ཐ་ན་སོ་སོ་རང་ཉིད་ལའང་གཟབ་དགོས་བྱུང་བའི་གནས་སྟངས་འཁོད་ཡོད། “དྲ་མིག་ཅན་གྱི་དོ་དམ”དང“གཉིས་ལྡན་དུད་སྦྲེལ”ཟེར་བ་སོགས་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་ཀྱི་བྱེད་ཐབས་སྣ་ཚོགས་བཏོན་ནས། བོད་མི་ཕན་ཚུན་དབར་ལྐོག་ཉན་ལྐོག་ཞུ་དང་ཕན་ཚུན་གཡོ་བཙོང་མ་བྱས་ན་མཇུག་འབྲས་ཚབས་ཆེན་འཁུར་དགོས་པའི་འགན་འཁྲི་བཀོད་ཁྱབ་བཏང་ཡོད་སྐོར་བརྗོད་འདུག

འདི་གའི་གསར་འགོད་པས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་སྙན་ཐོ་དེའི་སྐོར་ནས་དྲིས་པར་ཁོང་གིས། ཐེངས་འདིའི་སྙན་ཐོ་དེ་གཙོ་བོ་རྒྱ་ནག་གཞུང་གིས་བོད་ཕྱི་ནང་གཉིས་ཀྱི་དྲ་རྒྱའི་འབྲེལ་ལམ་སྐོར་ལ་ཞིབ་བཤེར་དང་ལྐོག་ཉན། དམ་དྲགས་རིགས་བྱས་ཏེ་བོད་མི་ཚོའི་རྒྱུན་ལྡན་གྱི་སྒེར་གྱི་འཚོ་བ་དང་གཞི་རྩའི་ཐོབ་ཐང་སོགས་ལ་ཤུགས་རྐྱེན་ག་འདྲ་སྤྲོད་བཞིན་ཡོད་པའི་བཅར་འདྲི་རང་བཞིན་གྱི་སྙན་ཐོ་ཞིག་ཡིན་པ་དང་། འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཕྱི་ནང་གཉིས་ཀྱི་དྲ་རྒྱའི་འབྲེལ་ལམ་སྐོར་ལ་དོགས་ཟོན་མྱུལ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། མཐའ་ན་བོད་ནང་གི་བོད་མི་ཞིག་གིས་ཕྱི་ལོགས་ན་ཡོད་པའི་ནང་མི་ཉེ་འབྲེལ་སོགས་ལ་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པའི་མི་སྒེར་གྱི་རྒྱུན་ལྡན་འཚོ་བའི་སྐོར་ལ་ཁ་བརྡ་བྱས་པ་ཚུན་ཚད་ལ་ལྐོག་ཉན་བྱེད་བཞིན་ཡོད་པ་དང་། བོད་ནང་གི་བོད་པ་ཚོར་ཕྱི་ལོགས་ལ་སྐད་ཆ་བཤད་པའི་ནག་ཉེས་སྣ་ཚོགས་གཡོག་ནས་འདྲི་རྩད་དང་ཞིབ་བཤེར་རིགས་བྱེད་བཞིན་ཡོད་པ་རེད། གནས་སྟངས་དེ་འདྲའི་འོག་དྲ་རྒྱའི་འབྲེལ་ལམ་ལ་དམ་དྲགས་ཤུགས་ཆེར་བྱས་ཏེ། བོད་ནང་གི་བོད་མི་ཚོའི་གཞི་རྩའི་ཐོབ་ཐང་ཆུང་རིགས་ནས་རྩ་མེད་གཏོང་གི་ཡོད་སྐོར་བརྗོད་བྱུང་།

ལྟེ་གནས་ཁང་གི་སྙན་ཐོའི་ངོ་སྤྲོད་ནང་དུ། རྒྱ་གཞུང་གིས་བོད་མི་ཕན་ཚུན་དབར་ལྐོག་ཉན་ལྐོག་ཞུ་བྱེད་དུ་བཅུག་ནས། བོད་མི་ཚོས་ཆབ་སྲིད་ཀྱི་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ཞི་རྒོལ་དང་ཡང་ན་སོ་སོའི་སྲིད་དོན་དང་རིག་གཞུང་ངོ་བོ་སོགས་གླེང་སློང་ཙམ་ཡང་བྱས་མི་ཆོག་པའི་འཇིགས་སྐུལ་བཏང་བའི་གནས་སྟངས་གསལ་ཡོད་ལ། རྒྱ་ནག་གཞུང་གིས་བོད་ནང་དུ་ལག་ལེན་བསྟར་བཞིན་པའི་དོགས་ཟོན་མྱུལ་ཞིབ་དང་བརྒྱུད་ལམ་ཞིབ་བཤེར་བྱེད་ཐབས་དེ་ཡང་སྲིད་གཞུང་གི་བཙན་དབང་དང་འཁོན་འཛིང་ཁྲིམས་ཆད་མ་ཕོག་སྔོན་ནས་རང་བཤེར་རང་རྟོགས་ཀྱི་སྒྲིག་སྲོལ་གྱི་རྣམ་པར་བཟོས་འདུག་ཅིང་། རང་དང་རང་གི་ནང་མི་སྤུན་མཆེད་སོགས་ལ་བཙོན་འཇུག་མནར་གཅོད་ཀྱི་ཉེས་ཆད་གཅོད་པར་ཞེད་སྣང་གིས། བཙན་དབང་དེའི་འོག་ཏུ་བོད་མི་མང་པོར་འདོད་མོས་མེད་བཞིན་དུ་དམར་ཤོག་སྲིད་གཞུང་གི་ཁེ་ཕན་སྲུང་སྐྱོབ་དང་རང་བཤེར་བྱེད་དགོས་བྱུང་བ་ནི་ཧ་ཅང་བློ་འཚབ་སྐྱེ་གཞི་ཆགས་ཡོད་ལ། དེ་ནི་རྒྱ་ནག་སྲིད་གཞུང་གིས་མང་ཚོགས་རྣམས་ ‘རྒྱལ་གཅེས་རིགས་ལུགས་དང་’ ‘ཡིད་རྟོན་བློ་དཀར་’ ཡོང་ཆེད་ཆབ་སྲིད་དང་དམར་ཕྱོགས་ཀྱི་ལྟ་གྲུབ་སྤེལ་ཐབས་མང་པོ་ཞིག་དང་གཅིག་མཚུངས་ཆགས་ཡོད་པ་དང་། དེར་མ་ཟད། དྲ་མིག་ཅན་གྱི་དོ་དམ་གཏན་འབེབས་འོག་ཏུ་ཁུལ་རྫོང་ཆ་བགོས་ཀྱིས་ལྟ་རྟོག་དང་དོགས་ཟོན་མྱུལ་ཞིབ་བྱས་ནས། དོགས་གཞིའི་ས་གནས་ཁག་ཏུ་“དམངས་ཕན་ཉེན་རྟོག་ལས་དོན་ཞབས་ཞུ་ས་ཚིགས”ཟེར་བ་སྟོང་ཕྲག་མང་པོ་བཙུགས་ནས་བརྙན་མིག་པར་ཆས་སྤྱད་ནས་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ཞིབ་བཤེར་བྱེད་མུས་རེད། ཉེན་རྟོག་པ་འདིའི་རིགས་བོད་ལྗོངས་ནང་ཡོང་སའི་ས་ཚིགས་ཁག་ཏུ་འགྲེམ་འཇོག་བྱས་ཡོད་པར་མ་ཟད། བོད་ལྗོངས་ཀྱི་གྲོང་སྡེ་༥༤༦༤ ནང“དམངས་ཕན་ཉེན་རྟོག་ལས་དོན་ཞབས་ཞུ་ས་ཚིགས”འཛུགས་འཆར་ཡོད་པ་དང་། དམིགས་ཡུལ་གཙོ་བོ་བོད་ས་ཡོངས་སུ་ཏང་དང་རྒྱལ་ཁབ་ཀྱི་དབང་ཤུགས་མ་ཁྱབ་པ་མེད་པ་བཟོ་རྒྱུ་དེ་རེད། ཅེས་བཀོད་འདུག

ཡང་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བརྒྱུད་ལམ་ཞིབ་བཤེར་དང་དོགས་ཟོན་མྱུལ་ཞིབ་ལག་བསྟར་བྱས་པ་དང་མཉམ་དུ་རྒྱུད་རྒྱུ་འབོར་ཆེན་བསྡུ་ལེན་བྱས་ཏེ། རྒྱ་ནག་ནི་དོགས་ཟོན་མྱུལ་ཞིབ་ཀྱི་ཚན་རྩལ་སྔོན་ཐོན་རྒྱལ་ཁབ་ཅིག་ཏུ་བསྐྲུན་ཐབས་བྱེད་ཀྱི་ཡོད་པ་དང་། ཉེན་རྟོག་པས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མིང་ཐོག་ནས། ཆབ་མདོ་གྲོང་ཁྱེར་ནང་རྒྱུད་རྒྱུ་བསྡུ་ལེན་དང་འབྲེལ་བའི་ལས་གཞིའི་མ་ལག་བཙུགས་རྗེས། ཕྱི་ལོ་ ༢༠༡༩ ཟླ་ ༦ པའི་ནང་རྒྱ་གཞུང་གིས་ཚོད་ལྟའི་ཚུལ་དུ་ཆབ་མདོ་ས་ཁུལ་གྱི་ཡུལ་མིའི་རྒྱུད་རྒྱུ་བསྡུ་ལེན་བྱས་ཡོད་པ་དང་། ཆབ་མདོ་ནི་མི་འབོར་ ༦༥༧༥༠༥ ཟིན་པའི་བོད་ལྗོངས་ཀྱི་གྲོང་ཁྱེར་ཆེ་ཤོས་ཨང་གསུམ་པ་ཡིན་ཞིང་། རྒྱུད་རྒྱུ་བསྡུ་ལེན་གྱི་ལས་གཞི་དེའི་ནང་དུ་སྲིད་གཞུང་གི་སྡེ་ཁག་རིམ་པ་དང་། དགོན་སྡེ་ཁག ཞིང་འབྲོག་གི་སྤྱི་ཚོགས་ཁག་ཚང་མ་བཅུག་ནས། ཡུལ་མིའི་མཛུབ་རྗེས་དང་ཁྲག་རིགས། མིག་བཤེར་སོགས་ཚུད་པའི་ཆ་འཕྲིན་བསྡུ་ལེན་བྱས་འདུག ཅེས་བརྗོད་འདུག

དེ་བཞིན་སྙན་ཐོ་འདིའི་ནང་ཁུངས་སྐྱེལ་ཡིག་ཆ་གཅིག་ནི། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ནས་ཡིན་པའི་བོད་མི་ཞིག ཕྱི་ལོ་༢༠༡༦ ལོར་ཕྱིར་ཕ་ཡུལ་ལ་གཉེན་འཕྲད་དུ་ཕྱིན་སྐབས། ཟི་ལིང་གྲོང་ཁྱེར་ནས་ཁོས་ཞིང་ཆེན་རིམ་པའི་འཐབ་ཕྱོགས་གཅིག་གྱུར་ཁང་ལ་ཁོང་ཕྱིར་ཕ་ཡུལ་ལ་ཐོན་པའི་གནས་ཚུལ་ཡར་ཞུ་དགོས་པ་དང་། དེ་གར་རྒྱ་གཞུང་གི་ལས་བྱེད་ཚོས་ཁོང་ལ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཐོན་རིམ་བཞི་པ་ཞིག་བྱིན་ནས་ཕ་ཡུལ་དུ་བསྡད་རིང་ཁ་པར་དེའི་ཐོག་ནས་འབྲེལ་གཏུག་བྱེད་དགོས་ལུགས་དང་། ཁོ་རང་སྒེར་གྱི་ལག་འཁྱེར་ཁ་པར་ལ་སྔོག་བཤེར་བྱས་ནས་བེད་སྤྱོད་མི་ཆོག་པ་བཟོས་འདུག མ་ཟད་ཁོས་ཕ་ཡུལ་གྱི་མཛེས་ལྗོངས་ཁོར་ཡུག་བརྙན་པར་དུ་བླངས་མི་ཆོག་པ་དང་། ཕ་ཡུལ་གྱི་གནས་ཚུལ་རྒྱ་གར་གྱི་བོད་མིར་བཤད་མི་ཆོག་པར་གསལ་བཤད་བྱས་འདུག ཁོང་ལ་སྤྲད་པའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཐོན་རིམ་བཞི་པ་དེའི་ནང་དུ་མྱུལ་ཞིབ་ཀྱི་མཉན་ཆས་བླུགས་ནས་རང་འགུལ་གྱིས་བརྙན་ལེན་དང་སྒྲ་འཇུག་བྱེད་པ་དང་། དེ་ལ་བརྟེན་ནས་རྒྱ་གཞུང་གི་ལས་བྱེད་ཚོས་ཁོང་གར་སོང་གང་འདུག་ལ་རྗེས་འདེད་བཏང་ནས་ལྟ་རྟོག་བྱེད་བཞིན་ཡོད་པ་དང་། གནས་ཚུལ་དེ་ཁོས་ཡུལ་མི་ཚོའི་ས་ནས་ཤེས་རྟོགས་བྱུང་བ་རེད། ཅེས་བརྗོད་འདུག

མཇུག་ཏུ་སྙན་ཐོ་འདིའི་ནང་དུ། རྒྱ་གཞུང་གིས་བོད་མི་ཚོར་བཙན་གྱིས་རང་བཤེར་བྱེད་དུ་འཇུག་པ་དང་བོད་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེ་ནི། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཅིག་པུ་ཙམ་མིན་པར། རྒྱ་ནག་རྒྱལ་ཡོངས་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡང་ཚབས་ཆེ་རུ་ཕྱིན་ཡོད་པ་དང་། སྙན་ཐོའི་མཇུག་ཏུ། འཛམ་གླིང་རྒྱལ་ཁབ་ཁག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག མཉམ་འབྲེལ་ཚོགས་སྡེ་དང་མི་སྒེར་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་མི་སྒེར་སོ་སོའི་རང་དབང་ཐོབ་ཐང་གི་རིན་ཐང་ལྟ་ཚུལ་དང་། དེ་འབྲེལ་གྱི་བློ་འཚབ་ཅི་བྱུང་གསལ་སྟོན་གྱིས། ཤུགས་ཆེན་པོ་སྤེལ་བཞིན་པའི་རྒྱ་གཞུང་གི་བརྒྱུད་ལམ་ཞིབ་བཤེར་དང་དོགས་ཟོན་མྱུལ་ཞིབ་ལ་འགོག་རྒོལ་གནང་བའི་སྐུལ་འདེབས་བྱས་ཡོད། ཅེས་བཀོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

The post རྒྱ་ནག་གཞུང་གིས་དྲ་ལམ་ཞིབ་བཤེར་དང་འབྲེལ་བོད་མི་ཚོའི་རྒྱུད་རྒྱུའང་བསྡུ་ལེན་བྱེད་བཞིན་འདུག appeared first on བོད་ཀྱི་དུས་བབ།.

HINTERLASSEN SIE EINE ANTWORT

Please enter your comment!
Please enter your name here